ནོར་གཅིང་བཏང་བ།

སྔར་སྣེ་གདོང་རྒྱལ་པོར་བློ་རིག་བཀྲ་ལ་མི་སེར་ལ་ཕན་སེམས་ཆེ་བའི་འཁོར་གཡོག་བློན་པོ་ཉི་ཆོས་བཟང་པོ་ཞེས་བྱ་བ་ཞིག་ཡོད། ཁོང་གིས་རྟག་ཏུ་ཐབས་ཇུས་བཟང་པོས་མི་སེར་ལ་རོགས་རམ་བྱེད་ཀྱི་ཡོད། 

ཉིན་ཞིག་ཉི་ཆོས་བཟང་པོས་རྒྱལ་པོར་ཞུས་པ། རྒྱལ་པོ་རིན་པོ་ཆེ། གཞན་གྱིས་རྩ་ཆེའི་ནོར་བུ་རྣ་མས་ཕྱིར་བཏོན་ནས་ངོམས་ཀྱི་འདུག   ངེད་ཚོའི་ནོར་བུ་རྣམས་བང་མཛོད་དུ་བཅུག་ནས་བཞག་ན་ནོར་བུ་ཡོད་པའི་གོ་མ་ཆོད་པ་མ་རེད་དམ། ཞེས་ཞུས།  རྒྱལ་པོ་ན་རེད། དེ་འདྲ་ཡིན་ན།  ཉི་མ་སང་ཉིན་བང་མཛོད་ཀྱི་སྒོ་ཕྱེ་ནས་རྩ་ཆེའི་ནོར་བུ་ཕྱིར་བཏོན་ནས་ཁྱོད་ཀྱིས་ནོར་བུ་རིན་པོ་ཆེའི་གཟི་བྱིན་ངོམས་ཤིག་ཅེས་བཀའ་ཕབ།
དེའི་ཕྱི་ཉིན་ཉི་མ་ཤར་རིའི་རྩེ་མོ་ནས་ཤར་བའི་སྐབས་སུ་ཉི་ཆོས་བཟང་པོས་རྒྱལ་པོའི་ནོར་བུ་རྩ་ཆེ་ཤོས་དེ་བང་མཛོད་ནས་བཏོན་ཏེ་ཕྱིར་སྦས་རྗེས་ཆུ་འགྲམ་ནས་འཁྱགས་པ་ཆེན་པོ་ཞིག་བླངས་ཏེ་ནུབ་རིའི་ལྡེབས་སུ་ཁ་ཤར་ལ་གཏད་དེ་བསླངས།  འཁྱགས་པར་ཉི་འོད་ཕོག་པས་འོད་རབ་ཏུ་འཚེར།  དེ་འཕྲལ་ཉི་ཆོས་བཟང་པོས་རྒྱལ་པོའི་དྲུང་དུ་ཕྱིན་ནས་རྒྱལ་པོ་རིན་པོ་ཆེ་རྒྱང་ཤེལ་བསྣམས་ཏེ་ཕོ་བྲང་གི་ཡང་སྟེང་ནས་ནོར་བུའི་གཟི་བྱིན་ལ་གཟིགས་ཕར་ཕེབས་དང་ཞེས་ཞུས་ནས།   རྒྱལ་པོ་དང་།   འཁོར་བློན་རྣམས་ཀྱིས་ཕོ་བྲང་གི་ཡང་སྟེངས་ནས་སོན་བུར་ལྟ་བའི་ཚེ་ན་འཁྱགས་པའི་འོད་དེ་ནོར་བུའི་གཟི་བྱིན་ལ་འཁྲུལ་ནས་རྒྱལ་པོ་དགའ་ཐག་ཆོད།  ཉིན་དེར་རྒྱལ་པོས་དགུང་ཚིགས་ཀྱང་ཕོ་བྲང་གི་ཡང་སྟེང་དུ་བཟས་ནས་སྐད་ཅིག་ཙམ་ཡང་དེ་ནས་འབྲལ་འདོད་མེད་པ་རེད།

ཕྱི་དྲོ་འོད་ཟེར་ཇི་ཆུང་ཇི་ཆུང་དུ་སོང་སྟངས་། རྒྱལ་པོས་ཉི་ཆོས་བཟང་པོ་ལྟ་ཞིབ་བྱེད་དུ་བཏང་།  ཉི་ཆོས་བཟང་པོ་ལྟ་ཞིབ་བྱེད་བྱས་ནས་ཚུར་ལོག་སྟེ།  རྒྱལ་པོ་རིན་པོ་ཆེ།   ད་དཔེ་བསགས་འདུག  ནོར་བུས་ནོར་གཅིན་བཏང་ནས་བྲོས་ཚར་འདུག་ཅེས་ཞུ་པར་རྒྱལ་པོ་ན་རེད་།  ནོར་བུ་བྲོས་ཟར་བ་འཇིག་རྟེན་གཏམ་དཔེར་མེད་ཅེས་བཤད།  ཉེ་ཆོས་བཟང་པོས་ཐུགས་ཡིད་མ་ཆེས་ན་ས་གནས་དེ་རང་ལ་གཟིགས་ཞིབ་ཏུ་ཕེབས་ཆོག་ཅེས་ཞུས།  དེ་མ་ཐག་རྒྱལ་པོས་ལྟ་བར་ཕྱིན་པས་།  ས་དེར་འཁྱགས་པ་བཞུར་གའི་བཞའ་བརླན་ལས་གཞན་གང་ཡང་མེད་པ་མཐོང་སྟེ།   དེ་ནི་དཔེ་བསགས་འདུག  གང་བྱས་ན་ལགས་སམ།   ང་ཡི་ནོ་བུ་ཕངས་བ་ལ་ཨང་ཞིས་བཤད་ནས་སྡོད་པ་ལས་ཐབས་ཤས་གཞན་གང་ཡང་མ་བྱུང་ངོ་།

འོག་གི་དྲི་བར་ལན་བྲིས།
༡ ༽ ཉེ་ཆོས་བཟང་པོས་དེ་ལྟར་གནང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
༢༽ སྦྱང་གཞི་འདིའི་དུམ་མཚམས་སོ་སོའི་དོན་གང་ཡིན་བྲིས།
༣༽ ཚིག་གྲོགས་སྦྱོར། གཟི། བྱིན། བང་། བཀྲ། ཇུས། ངོམས། ཕོག ཡིད། བརླན། འདོད།
í

Site Map | Help | Contact