བྱེ་ཐང་གི་གྲུ
རྔ་མོང་ནི་བྱེ་ཐང་གི་ཁྲོད་དུ་སྡོད་ཀྱི་ཡོད། དེ་གཟུགས་ཆེ་ཞིང་སྐེ་ཡང་རིང་བས་ཧ་ཅང་རྒྱང་ཐག་རིང་པོའི་སར་ལྟ་ཐུབ་ཤི་ཡོད། རྔ་མོང་གིས་ཐག་རིང་པོའི་སར་ཆུ་ཡོད་པ་ཚོར་ཐུབ་པས་དེས་མི་རྣམས་ལ་ཆུ་འགོ་འཚོལ་རྒྱུར་ཕན་ཐོགས་ཤིན་ཏུ་ཆེ། བྱེ་ཐང་དུ་རླུང་འཚུབ་ལྡང་ཚེ་རྔ་མོང་གིས་སྣ་ཁུང་དམ་པོར་བཙུམ་གྱི་ཡོད་པས་བྱེ་མ་སྣ་ཁུང་ནང་འཛུལ་དོགས་མེད། རྔ་མོང་གི་སུག་མཐིལ་མཁྲེགས་པས་ཉི་མས་བསྲེགས་ནས་མེ་ལྟར་ཚ་བའི་བྱེ་མའི་ཐོག་བསྐྱོད་ཀྱང་འཚིགས་མི་ཐུབ།
རྔ་མོང་གི་རྐང་མཐིལ་མཐུག་ཅིང་ཆེ་བ་དང་། རྨིག་པ་ཁ་རལ་ཡིན་པས་གོམ་བསྐྱོད་བྱེད་སྐབས་རྨིག་པའི་ཁ་བྱེར་ནས་བྱེ་སོབ་ཀྱི་ནང་བྱིང་མི་སྲིད། རྔ་མོང་རྩ་ཆུ་འཛོམས་པའི་ས་ཆར་སླེབས་སྐབས་རྩ་རྒྱ གས་ཚད་བཟས་ཤིང་ཆུ་ངོམས་ངེས་བཏུང་རྗེས་བཅུད་རྫས་ཆ་ཤས་ཤིག་ཞག་ཚིར་རྒྱུར་ཏེ། རྔ་མོང་གི་སྒལ་པའི་སྒང་གི་ཤ་རྡོག་དེའི་ནང་འཚངས་ནས་རྩ་ཆུ་དཀོན་པའི་སྐབས་སུ་དེས་རང་ཉིད་འཚོ་ཐབས་བྱེད་ཀྱི་ཡོད།
བྱེ་ཐང་ནི་ཡངས་ཤིང་མུ་མཐའ་མེད་པ་ཞིག་ཡིན་པས་འགྲུལ་བཞུད་བྱེད་མིར་ལམ་བུ་རྙེད་ཁག་པོ་ཡིན་རུང་རྔ་མོང་གིས་ལམ་བུ་སྟོན་ཐུབ།
བྱེ་ཐང་དུ་རླུང་འཚུབ་ལངས་དུས་སྐྲག་སྣང་སྐྱེས་དགོས་པ་ཞིག་ཡིན་ཞིང་། བྱེ་མ་རླུང་ཆེན་གྱིས་བསྒྲིལ་ནས་འཁྱེར་འགྲོ་བ་དང་། སྐབས་འགར་བྱེ་སྒང་ཧྲིལ་པོ་རླུང་གིས་ཁྱེར་ནས་མི་ཕྱུགས་གཉིས་ཀ་བྱེ་མའི་འོག་ཏུ་གནོན་གྱི་ཡོད། འོན་གྱང་བྱེ་ཐང་ཡོད་སའི་གནམ་གཤིས་ནི་རྔ་མོང་ལ་རྒྱུས་མངའ་ཡོད་པས། རླུང་པོ་རྒྱག་གྲབས་ཡོད་ཚེ་རྔ་མོང་གིས་འགྲུལ་བཞུད་མ་བྱས་པར་སྡོད་ཀྱི་ཡོད་པས་འགྲུལ་པ་ཚོས་སྔ་ས་ནས་རང་ཉིད་རླུང་འཚུབ་ཀྱི་ཉེན་ཁ་ལས་གཡོལ་ཐབས་བྱས་ཆོག
རྔ་མོང་གི་གོམ་བགྲོད་ཧ་ཅང་དལ་པོ་ཡིན་ཡང་དངོས་ཟོག་མང་པོ་འཁྱེར་ཐུབ་ཀྱི་ཡོད་སྟབས། བྱེ་ཐང་ཐོག་འགྲིམས་འགྲུལ་བྱེད་རྒྱུར་མེད་དུ་མི་རུང་བ་ཞིག་ཡིན་པས་ན། མི་ཚོས་རྔ་མོང་ནི་བྱེ་ཐང་གི་གྲུ་རེད་ཅེས་ཤོད་ཀྱི་ཡོད།།
| དྲི་བ། | |
| ༡༽ | གོང་གསལ་རྩོམ་ཡིག་འདི་བཀླགས་རྗེས་ཁྱེད་རང་གིས་སེམས་ཅན་གང་རུང་ཞིག་གི་སྟང་ང་ལ་རང་རྩོམ་ཞིག་བྲིས། |