ང་ཡི་གྲོགས་པོ།
ངས་ཨ་མའི་ནུ་ཞོ་བཏུང་མཚམས་བཞག་སྟེ་ཆུང་བྱིིས་པའི་རྩེད་མོ་དང་། དེ་ནས་དཔེ་ཁུག་ཁུར་ཏེ་རིམ་པ་མི་འདྲ་བའི་སློབ་གྲྭའི་དགའ་ཚལ་མང་པོ་འགྲིམས་པའི་རིང་། ང་ལ་དགའ་པོ་དང་ཡག་པོ་བྱེད་མཁན་གྱི་སློབ་གྲོགས་གྲངས་ལས་འདས་པ་ཞིག་ཡོད་མོད་ཀྱང་། བདག་ལ་ཤ་ཚ་ཞིང་ སྙིང་ཉེ་ཤོས་ནི་དཔེ་དེབ་ཁོ་ན་ཡིན།
ང་རང་ཆུང་དུས་ནས་དཔེ་དེབ་ལ་ཧ་ཅང་གི་དགའ་པོ་ཡོད། གང་ལགས་ཤེ་ན་དཔེ་དེབ་ཀྱིས་ཀ་ཁ་ཙམ་ཡང་མི་ཤེས་པའི་ཕྲུ་གུ་སྣབས་ལུད་ཅན་ང་རྨོངས་པའི་མུན་ཁུང་ནས་ཡར་འཐེན་ཏེ་ཤེས་རིག་གི་རྒྱལ་ཁམས་ལ་ལྟད་མོར་ཁྲིད།
དཔེ་དེབ་ཨང་། ཁྱེད་ཀྱིས་ཕྱོགས་རིས་དང་ཡག་ཉེས་ཀྱི་དབྱེ་བ་མི་འབྱེད་པར་འབྱོར་ལྡན་གྱི་ཁོང་དང་ནོར་མེད་ཀྱིི་ང་ལ་ཁྱད་མེད་ཀྱི་རིག་པ་གནང་ཞིང་། གྱོན་གོས་སྤུས་མ་གྱོན་པའི་མཛིས་ལྡན་གྱི་བུ་མོ་དང་།གྱོན་གོས་ཧྲལ་ཧྲུལ་གྱོན་པའི་བུ་ཆུང་སྣབས་ལུད་ཅན་ང་ལ་གཅིག་མཚུངས་ཀྱིས་གཟི་འོད་འབར་བའི་མིག་ཟུང་བྱིན། གཟི་བརྗིད་དང་རེ་བས་ཁེངས་པའི་མདུན་ལམ་བསྟན།
དཔེ་དེབ་ཨང་། ཁྱེད་ཀྱིས་ནམ་ཡང་རྒྱུ་འབྲས་ཀྱི་རྒྱ་མ་ལག་ནས་མི་དོར་ལ། འདྲ་མཉམ་གྱི་རྒྱ་རྡོ་ཕྱོགས་རིས་སུ་མ་ཁྱེར་བར། བརྩོན་འགྲུས་ཅན་ལ་རྒྱལ་ཁ་དང་ཡོན་ཏན་སྦྱིན་ཞིང་། ལེ་ལོ་ཅན་ལ་ཕམ་ཁ་དང་ངོ་ཚ་སྟེར། དེ་བས་ཁྱེད་ནི་བདེ་སྐྱིིད་ཀྱི་འོད་སྣང་འགྱེད་པའི་བདག་པོ་ཡིན་ལ་མི་ཚེ་ལ་རིན་ཐང་སྣོན་མཁན་ཡང་ཡིན།
དང་ཐོག་ཁྱེད་ནི་བདག་གི་སློབ་དཔོན་དང་སློབ་དཔོན་ལས་འདས་པའི་ནོར་བུ་ཞིག་ཡིན།
དཔེ་དེབ་ཨང་། ཁྱེད་ནི་ཇི་ཙམ་བཀླགས་ཀྱང་འཛད་མཐའ་མེད་ལ། ཇི་ཙམ་སྦྱངས་ཀྱང་རྫོགས་པ་མེད་པས་རྒྱུན་ཆད་མེད་པའི་ཆུ་རྒྱུན་དང་མཚུངས། དེའི་ཕྱིར་ང་ནམ་ཡང་ཁྱེད་དང་འགྲོགས་ཏེ་ཁྱེད་ཉིད་ལས་ཤེས་བྱ་རྣམས་མ་འོངས་བོད་གསར་འཛུགས་སྐྲུན་བྱེད་མཁན་ཧི་རྒྱུད་འཛིན་གསར་སྐྱེས་པ་ལ་སྦྱིན་ཞིང་། མ་ཤེས་པ་རྣམས་བརྩོན་པ་བརྒྱ་དང་འབད་པ་སྟོང་གིས་སྦྱོང་རྒྱུ་ཡིན།
དཔེ་དེབ་ཨང་། ཁྱེད་ནི་བདག་ལ་སྟོབས་ཤུགས་སྦྱིན་མཁན་ཧི་བྱེད་པོ་དང་། མཛའ་ཞིང་བརྩེ་བའི་གྲོགས་པོ་བཟང་ཤོས་དེ་རེད།།
| དྲི་བ། | |
| ༡༽ | གོང་གི་སློབ་ཚན་འདིའི་དུམ་མཚམས་རེ་རེའི་ནང་དོན་རྣམས་གསལ་པོར་བྲིས། |