བོང་བུ་འཚོལ་བ།

ཉིན་ཞིག་གི་ཞོགས་པ་མིག་དམར་གྱིས་ནང་གི་བོང་བུ་དྲུག་པོ་དེད་ནས་ཆུ་སྟེར་བར་ཕྱིན། གང་ཙམ་སོང་རྗེས་ཁོ་དཀའ་ལས་ཁག་པས་བོང་བུ་ཞིག་ལ་བཞོན་ནས་མུ་མཐུད་བསྐྱོད།  ལས་བར་དུ་བོང་བུ་རྣམས་ལ་གྲངས་ཀ་ཞིག་བརྒྱབ་པས་ལྔ་ལས་མེད་པ་རེད། ཁོ་དངངས་སྐྲ ག་ཆེན་པོས་བོང་བུ་ལས་མར་བབས་ནས་ལམ་ཤུལ་དེད་ནས་གཡས་གཡོན་གང་སར་བཙལ་གྱང་མ་རྙེད་པས་ཐབས་མེད་པར་ཕྱིར་ལོག ཚུར་སླེབས་རྗེས་བོང་བུ་དྲུག་པོ་ནི་རྩྭ་ཟ་བཞིན་ཡོད་པས་ཁོ་ཡ་མཚན་ཆེན་པོ་སྐྱེས་ནས་བོང་བུ་ཞིག་ལ་བཞོན་ཏེ་བསམ་བློ་གཏོང་གིན་མུ་མཐུད་བསྐྱོད།

ཡང་གང་ཙམ་སོང་རྗེས་སླར་ཡང་བོང་བུ་རྣམས་ལ་གྲངས་ཀ་ཞིག་བརྒྱབ་པས་སྔར་བཞིན་བོང་བུ་ལྔ་ལས་མེད། ཁོ་དེ་བས་ཡ་མཚན་སྐྱེས་ནས་ད་ལྟ་ཚང་བཞིན་ད་ལྟ་མི་ཚང་བ་འདི་འདྲ་གང་ཡིན་ནམ་སྙམ་པའི་སྐབས་དེར་ཁོའི་གྲོགས་པོ་ཡོང་བ་དང་ཕྲད་པས་ཁོས། གྲོགས་པོ། ང་ནང་ནས་ཐོན་སྐབས་བོང་བུ་དྲུག་ཡོད་ཀྱང་ལམ་བར་དུ་མཚམས་རེ་ལྔ་ལས་མི་འདུག སྐབས་རེ་དྲུག་ཏག་ཏག་ཚང་ལ་ད་ལྟ་ཡང་བསྐྱར་བརྩིས་པས་ལྔ་ལས་མི་འདུག ཁྱེད་རང་གིས་ལྟོས་དང་གཅིག གཉིས། གསུམ། བཞི། ལྔ། ཞེས་བཤད། གྲོགས་པོས་མིག་དམར་ལགས། ཁྱོད་ཀྱིས་བཞོན་པའི་བོང་བུ་དེ་བརྩིས་ན་དྲུག་མ་ཡིན་ནམ། ད་དུང་དེ་རྣམས་ཀྱི་ཁར་ཁྱོད་བསྣན་ན་བོང་བུ་བདུན་ཆགས་པ་མ་རེད་དམ་ཞེས་དགད་མོ་བསླངས་ནས་བཤད།།     

 

འོག་གི་དྲི་བ་ཁག་ལ་ལན་འདེབས་གྱིས།

༡༽ མིག་དམར་་གྱིས་བོང་བུ་བཙལ་དགོས་དོན་གང་ཡིན་ནམ།
༢༽ མིག་དམར་གྱི་བོང་བུ་ག་ཚོད་བརླགས་སམ།
༣༽ ཁོངི་བོང་བུ་གང་འདྲ་བྱས་ནས་བརླགས་སམ།
༤༽ བོང་བུ་དེ་གང་འདྲ་བྱས་ནས་བརླགས་སམ།
༥༽ ཁོའི་གྲོགས་པོས་དགད་མོ་དང་ཆབས་ཅིག་ཁྱེད་རང་བསྣན་པས་བོང་བུ་བདུན་ཞེས་པའི་རྒྱུ་མཚན་གང་ཡིན་ནམ
༦༽ སློབ་ཚན་འདི་ནས་བསླབ་བྱ་གང་བསྟན་གྱི་འདུག་གམ།
í

Site Map | Help | Contact