ཀུ་ཤུ་རུལ་པ་གཅིག
སྔོན་མི་ཕྱུག་པོ་ཞིག་ལ་སྤྱོད་པ་ཡག་ཅིང་ཁ་ལ་ཉན་པའི་བུ་ཞིག་ཡོད། འོན་གྱང་སེམས་སྐྱོ་བ་ཞིག་ལ་སློབ་གྲའི་ནང་དུ་གྲོགས་པོ་སྡུག་ཅག་འགའ་ཤས་དང་ཐུག་པ་རེད། ཕ་ཡིས་གྲོགས་པོ་ངན་པ་དེ་རྣམས་ལས་རྒྱང་རིང་དུ་སྡོད་དགོས་པའི་སློབ་གསོ་ག་ཚོད་བྱས་ཀྱང་བུས་རྣ་མཆོག་རྒྱབ་ཀྱི་ལྷགས་པ་ལྟར་སྣང་མེད་ལ་བཏང་། བུ་དེས་གྲོགས་པོ་ཚོ་དང་མཉམ་དུ་གང་སར་འཁྱམས་པ་མ་ཟད། ཆོ་མེད་ཀྱི་སྐད་ཆ་ཁོ་ན་བཤད་ནས་མི་ཚེ་སྟོང་ཟད་ལ་སྐྱེལ་གྱི་ཡོད། སློབ་གྲའི་དགེ་ཆེ་ནས་བཏང་བའི་ཁོའི་གནས་ཚུལ་ཐབས་རྡུགས་རྣམས་མཐོང་སྐབས་ཕ་ཡི་སེམས་ལ་ན་ཟུག་དྲག་པོ་གཏང་གི་ཡོད། འོན་གྱང་ད་ཆ་བྱ་ཐབས་གང་ཡང་མེད་པར་ལྷག
ཉིན་གཅིག་མི་ཕྱུག་པོ་དེར་རིག་པ་གསར་པ་ཞིག་རྙེད་པ་དང་། ཁོས་ཁྲོམ་ལ་ཕྱིན་ནས་ཀུ་ཤུ་གསོས་པ་གང་འཚམས་ཉོས་པ་དང་། ད་དུང་ཀུ་ཤུ་རུལ་པ་ཁ་ཤས་ཀྱང་ཉོས་པ་རེད། དེ་ནས་ཁོས་བུ་ལ་ཀུ་ཤུ་གསོས་པ་རྣམས་སྣོད་གཅིག་གི་ནང་དུ་བླུག་ཏུ་བཅུག་པ་དང་། ཕ་ཡིས་ཀུ་ཤུ་རུལ་པ་གཅིག་ཀྱང་སྣོད་དེའི་ནང་དུ་མཉམ་དུ་བླུགས། ཉིན་ཤས་ཀྱི་རྗེས་སུ་བུ་ལ་ཤིང་ཏོག་བླུག་སའི་སྣོད་དེ་འཁྱེར་ཤོག་ཅེས་བཤད། བུས་ཀྱང་ཕས་བརྗོད་པ་ལྟར་ཤིང་ཏོག་རྣམས་འཁྱེར་ཡོང་སྐབས་ཤིང་ཏོག་ཆ་ཚང་རུལ་ཡོད་པ་མཐོང་ནས། ཤིང་ཏོག་རུལ་པ་གཅིག་གིས་ཤིང་ཏོག་སྤུས་དག་ཆ་ཚང་འཕྲོ་བརླག་ལ་བཏང་འདུག་ཅེས་བཤད། སྐབས་དེར་ཕ་ཡིས་ཤིང་ཏོག་རུལ་པ་གཅིག་གིས་ཤིང་ཏོག་གསོས་པ་ཡོངས་རྫོགས་འཕྲོ་བརླག་ལ་བཏང་བ་ནང་བཞིན་བུ་མ་རབས་ཅིག་བུ་ཡ་རབས་མང་པོའི་མི་ཚེ་འཕྲོ་བརླ ག་ལ་གཏང་གི་རེད་ཅེས་བརྗོད་པས། བུ་ལ་བསླབ་བྱ་ལེགས་པོ་ཞིག་ཐོབ་སྟེ། དེ་ནས་བཟུང་ཁོས་གྲོགས་པོ་ངན་པ་ཚོ་སྤངས་བ་རེད།།
མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུགས།། ཟས་ངན་གཅིག་གི་ལུས་ཀྱི་སྟོད་སྨད་དཀྲུགས།།