བསམ་བློ་སྔོན་ལ་ཐོངས།

གནའ་སྔ་མོ་ཝ་མོ་ཞིག་སྐོམ་ཐག་ཆོད་ནས་ཆུ་འཚོལ་བར་གང་སར་ཕྱིན། མཐར་ཁྲོན་པ་ཞིག་གི་འགྲམ་དུ་སླེབས་པ་དང་། དེའི་ནང་ལ་བལྟ་པའི་སྐབས་རྐང་པ་དྲད་བརྡར་ཤོར་ནས་ཁྲོན་པའི་ནང་དུ་ཟགས་པ་རེད། མོས་ཐབས་གང་ཡོང་ཅི་ཡོང་གིས་ཡར་དོན་ཐབས་བྱས་ཀྱང་དོན་མ་ཐུབ་པར་ལུས།

ར་རྒན་གཅིག་ལམ་དེ་བརྒྱུད་ནས་ཡོང་དུས་ཁྲོན་པའི་ནང་དུ་ཝ་མོ་ཡོད་པ་མཐོང་བ་དང་། ཝ་མོར་ཁྱེད་ཁྲོན་པའི་ནང་དུ་ག་རེ་བྱེད་ཀྱི་ཡོད་དམ་ཞེས་སྐད་ཆ་དྲིས་པས། ཝ་མོས་ང་རང་མངར་བསིལ་ལྡན་པའི་ཆུའི་ནང་དུ་སྐྱིད་པོ་བྱས་བསྡད་ཡོད། གལ་ཏེ་ཁྱེད་རང་ཡང་ཕེབས་འདོད་ཡོད་ན་ཕེབས་ཤོག་ཅེས་ལབ།

ར་རྒན་གླེན་པ་དེ་ཝ་མོའི་སྐད་ཆར་ཡིད་ཆེད་བྱས་ནས་ཁྲོན་པའི་ནང་དུ་མཆོངས། གློ་བུར་དུ་ཝ་མོ་གཡོ་ཅན་གྱིས་ར་རྒན་གྱི་སྒལ་པར་འཛེགས་ཏེ། སླར་ཡང་མཆོང་ཐེངས་གཅིག་ལ་ཕྱིར་དོན་ཐུབ་ཅིང་། ར་རྒན་གླེན་པ་ཁྲོན་པའི་ནང་དུ་གཅིག་པོར་ལྷག་ནས་ཆུའི་ནང་དུ་དིམ་ནས་ཤི་བ་རེད།

Site Map | Help | Contact